Jump to content

གོ་ལ་སོ་སོའི་ལུགས་ཀྱི་བཤད་པ་རགས་བསྡུས་

ཡོང་ཁུངས་Wikipedia

གོ་ལ་རྨོག་བརྩེགས་མའི་ལུགས།

    ལུགས་འདི་ནི་འཕགས་པའི་ཡུལ་ལ་སོགས་པར་མུ་སྟེགས་པ་ཁ་ཅིག་གི་གོ་ལའི་འདོད་པ་ཡིན་པར《འགྲེལ་ཆེན་དྲི་མེད་འོད་》ལས་གསུངས་ཤིང་། འདིའི་ལུགས་ཀྱི་གོ་ལའི་འཁོར་ཚུལ་ནི། ཁྱིམ་སྐར་རྣམས་ལྷ་བགྲོད་དང་བྱང་བགྲོད་གཉིས་ཀ་མི་བྱེད་པ་མངོན་སུམ་གྱིས་གྲུབ་པ་ལྟར་དུ་ཉི་ཟླ་གཟའ་ལྔ་སྒྲ་གཅན་སོགས་ཁྱིམ་ཅན་རྣམས་ཀྱང་ལྷོ་བགྲོད་དང་བྱང་བགྲོད་གཉིས་ཀ་མི་བྱེད་པར། ཁྱིམ་རྣམས་རྨོག་བརྩེགས་པ་ལྟར་གནས་པ་ལ་གཟའ་རྣམས་མདུན་རྒྱབ་ཏུ་རྒྱུ་བ་མ་ཡིན་པར་སྟེང་འོག་ཏུ་རྒྱུ་བ་དང་། ཞི་གཟའ་འགའ་ཞིག་རི་རབ་ལ་ཉེ་བར་རྒྱུ་བ་དང་། དྲག་གཟའ་འགའ་ཞིག་རི་རབ་ལ་རིང་བར་རྒྱུ་བས་གཟའ་བརྒྱད་པོ་དག་འགྲོས་མྱུར་དལ་ཡོད་ཀྱང་། ཁྱིམ་བཅུ་གཉིས་ལ་ལོངས་སྤྱད་ནས་རི་རབ་འཁོར་བར་མཉམ་སྟེ། དཔེར་ན་སོ་བའི་སྤུན་པ་འཆག་པའི་ཕྱིར་སོ་བའི་སྟེང་དུ་བ་ལང་ཀ་བ་ལ་འཁོར་དུ་བཅུག་པ་རྣམས་ལས་ཀ་བའི་ཉེ་ཕྱོགས་སུ་གནས་པ་རྣམས་དལ་བར་འགྲོ་ཞིང་གོམ་པ་ཉུང་ངུས་ཀ་བར་འཁོར་ལ། ཀ་བའི་རིང་ཕྱོགས་སུ་གནས་པ་རྣམས་མགྱོགས་པར་འགྲོ་བའི་གོམ་པ་མང་པོས་ཀ་བ་འཁོར་བ་ལྟར། གཟའ་རྣམས་ཀྱང་འབྲུ་སྙིལ་བ་དེ་ལྟར་རི་རབ་ལ་ཉེ་རིང་དུ་གནས་པའི་དབང་གིས་འགྲོས་མྱུར་བུལ་དུ་སྣང་བ་ཡིན་ཏེ་རྒྱུ་སྐར་འཁོར་ལོ་ཡོངས་རྫོགས་སྤྱད་ནས་རི་རབ་འཁོར་བ་ལ་ཁྱད་མེད་པར་འདོད་ཅིང་། ཁྱིམ་རྣམས་ཀྱང་རྒྱ་མཉམ་པར་སྟེང་འོག་ཏུ་བརྩེགས་པར་འཁོར་བ་ལས། ས་དུམ་བུ་བཅུ་གཉིས་སུ་ནག་པ་སོགས་ཟླ་བ་བཅུ་གཉིས་དུས་མཉམ་དུ་འབྱུང་བར་འདོད་པ་དང་། དྲག་གཟའ་རྣམས་གནས་མཐོ་བས་འདི་ནས་བལྟས་པའི་ཚེ་སྐར་མ་གཟུགས་ཆུང་བ་དང་། ཞི་གཟའ་རྣམས་གནས་དམའ་བས་སྐར་མའི་གཟུགས་ཆེ་བ་དང་། སྟེང་འོག་བརྩེགས་ཀྱང་འོག་མས་སྟེང་མ་མི་སྒྲིབ་པར་འདོད་པ་དང་།  ཁྱིམ་རེ་རེའི་ནང་རི་རབ་ལ་རེག་པ་དང་།  ཕྱི་མཐའ་མེ་ལ་རེག་པར་འདོད་ཅིང་། ཉི་ཟླ་སོགས་གཟའ་རྣམས་ཀྱང་ཁྱིམ་སྟེང་ཤོད་ལ་ཁང་པའི་སྟེང་འོག་ཏུ་བགྲོད་པ་ན་འབབ་འཛེག་བྱས་ནས་རྒྱུ་བ་ལྟ་བུར་འདོད་དོ།།

གོ་ལ་སྟེང་བསྐྱེད་མའི་ལུགས། ལུགས་འདི་ལྟར་ན་ཉི་མའི་རྒྱུ་ལམ་ཁྱིམ་བཅུ་གཉིས་ནི་ལྷོ་ནས་བྱང་དུ་གནས་པ་མ་ཡིན་པར་རྒྱུ་ལམ་མཐོ་དམན་གྱི་ཁྱད་པར་གྱིས་དབྱར་དགུན་སྟོན་དཔྱིད་དུས་བཞི་འབྱུང་བ་ཡིན། གཞུ་དང་ཆུ་སྲིན་གཉིས་དམའ་བ་དང་། འཁྲིག་པ་དང་ཀརྚ་གཉིས་མཐོ་བ་དང་། ཁྱིམ་དེ་ལས་གཞན་པ་རྣམས་མཐོ་དམན་བར་མར་གནས་ཀྱང་། ལྷོ་བྱང་དུ་མེད་པས་རི་རབ་དང་མེ་རིའི་དབུས་དྲང་པོའི་རི་རབ་ཀྱི་ཁ་ཁྱེར་ནས་དཔག་ཚད་ སྟོང་ཕྲག་ཕྱེད་བཅས་སོ་བདུན་གྱི་མཚམས་དུས་མཐམས་ཅད་དུ་ཉི་མའི་རྒྱུ་ལམ་ཡིན་པ་ལ་ཁྱད་པར་མེད་ཀྱང་། གཞུ་ཆུ་སྲིན་གྱི་ཁྱིམ་གཉིས་སུ་རྒྱུ་བ་ན་དམའ་བས་ལྷོར་ བགྲོད་པ་ལྟར་སྣང་བ་དང་། དེ་ནས་སྡིག་བུམ་གཉིས་དེ་ལས་མཐོ་ཞིང་། དེ་ལས་ཀྱང་སྲང་དང་ཉ་མཐོ་ཞིང་། དེ་ལས་ཀྱང་བུ་མོ་དང་ལུག་མཐོ་ཞིང་། དེ་བས་གྱང་གླང་དང་སེང་གེ་མཐོ། དེ་བས་ཀྱང་འཁྲིག་པ་དང་ཀརྚ་མཐོ་བ་ལ་རྒྱུ་བ་ན་བྱང་དུ་བགྲོད་པ་ལྟར་སྣང་བ་དང་། གཞུ་དང་ཆུ་སྲིན་གྱི་མཚམས་སུ་གླིང་ཀུན་གྱི་དགུན་ཉི་ལྡོག་ནས་ཞག་རེ་བཞིན་མཐོ་རུ་འགྲོ་བ་དང་། དཀྱིལ་མཚམས་སུ་ཀུན་གྱི་དཔྱིད་མཉམ། འཁྲིག་ཀར་གྱི་མཚམས་སུ་གླིང་ཀུན་གྱི་དབྱར་ཉི་ལྡོག་ནས་ཞག་རེ་བཞིན་དམའ་རུ་འགྲོ་བ་དང་། དཀྱིལ་མཚམས་སུ་ཀུན་གྱི་སྟོན་མཉམ་འབྱུང་ངོ་། ། ཁྱིམ་དེ་དག་རེ་རེའང་ལྷོ་བྱང་དུ་རི་རབ་དང་མེ་རིའི་བར་ཁྱབ་པར་ཡོད་ཀྱང་། ཉི་མ་ལྷོ་བྱང་གི་དབུས་ཁོ་ནར་རྒྱུ་བར་བཞེད། དེ་ལྟར་གླིང་བཞི་ཀུན་ཏུ་དབྱར་དགུན་གྱི་བགྲོད་པ་གཉིས་དང་། སྟོན་དཔྱིད་ཀྱི་མཉམ་གཉིས་ཏེ་དུས་བཞི་པོ་མཉས་པོར་འཁོར་བར་འདོད་དོ། ། ལུགས་འདི་ནི་གཡུང་སྟོན་ཆེན་པོ་རྡོ་རྗེ་དཔལ་གྱི་བཞེད་པ་ཡིན་ནོ།

གོ་ལ་ཕྱིར་བསྐྱེད་མའི་ལུགས། འདིའི་ལུགས་ལ་ཁྱིམ་བཅུ་གཉིས་ཀྱི་ཁྱིམ་གཉིས་གཉིས་རེ་རྒྱུ་ལམ་གཅིག་པས། རི་རབ་ཀྱི་ཁ་ཁྱེར་ནས་མེ་རིའི་བར་གྱི་དཔག་ཚད་སྟོང་ཕྲག་དོན་ལྔ་ལ་དྲུག་ཏུ་བགོས་པས་སྟོང་ཕྲག་ཕྱེད་དང་བཅས་པའི་བཅུ་གཉིས་རེ་འབྱུང་བ་ནི་ཁྱིམ་རྣམ་ཀྱི་ཞེང་གི་ཚད་ཡིན་ཞིང་། རྒྱུ་ལམ་དྲུག་པོ་དེ་ཟླུམ་འཁོར་གྱི་ཚད་ལ་བཅུ་གཉིས་སུ་བགོས་པའི་ཆ་རེ་རེ་ནི་ཁྱིམ་རེ་ཡིན་ལ། བཅུ་གཉིས་ཀྱི་ཆ་དེ་ནི་ཁྱིམ་དེ་དག་གི་ཤར་ནུབ་ཀྱི་ཚད་ཡིན་ལ། འཁྲིག་ཁྱིམ་དུ་ཉི་མ་གནས་པའི་ཚེ་གླིང་ཐམས་ཅད་དུ་དབྱར་ར་བ་འབྱུང་། ཁྱིམ་དེ་རྫོགས་མཚམས་སུ་དབྱར་ཉི་ལྡོག དེ་ནས་ཀར་ཁྱིམ་དུ་ཉི་མ་བགྲོད་པ་ན་གླིང་ཐམས་ཅད་དུ་དབྱར་འབྲིང་འབྱུང་། ཁྱིམ་དེ་གཉིས་རི་རབ་ལ་ཉེ་བ་མཐར་ཐུག་པར་རྒྱུ་ལམ་གཅིག ཁྱིམ་དེ་གཉིས་ཀྱི་ཕྱི་རོལ་ཏུ་གླང་དང་སེང་གེའི་ཁྱིམ་གཉིས་སུ་ཉི་མ་བགྲོད་པ་ན་གླིང་ཐམས་ཅད་དུ་དཔྱིད་ཐ་དང་དབྱར་ཐ་འབྱུང་ཞིང་ཁྱིམ་དེ་གཉིས་ཀྱི་རྒྱུ་ལམ་ཡང་གཅིག ཁྱིམ་དེ་གཉིས་ཀྱི་ཕྱི་རོལ་ཏུ་ལུག་དང་བུ་མོ་གཉིས་སུ་ཉི་མ་བགྲོད་པ་ན་གླིང་ཐམས་ཅད་དུ་དཔྱིད་འབྲིང་སྟོན་ར་འབྱུང་ཞིང་། ཁྱིམ་དེ་གཉིས་ཀྱི་རྒྱུ་ལམ་ཡང་གཅིག ཁྱིམ་དེ་གཉིས་ཀྱི་ཕྱི་རོལ་ཏུ་བུམ་པ་དང་སྡིག་པ་ལ་ཉི་མ་བགྲོད་པ་ན་དགུན་ཐ་དང་སྟོན་ཐ་འབྱུང་ཞིང་། ཁྱིམ་དེ་གཉིས་ཀྱི་རྒྱུ་ལམ་ཡང་གཅིག ཁྱིམ་དེ་གཉིས་ཀྱི་ཕྱི་རོལ་དུ་མེ་རི་ལ་ཉེ་བ་མཐར་ཐུག་པར་གཞུ་དང་ཆུ་སྲིན་ལ་ཉི་མ་བགྲོད་པ་ན་དགུན་འབྲིང་འབྱུང་ལ། ཁྱིམ་དེ་གཉིས་ཀྱི་རྒྱུ་ལམ་ཡང་གཅིག་གོ །གཞུ་ཁྱིམ་ནས་ཆུ་སྲིན་ཁྱིམ་དུ་འཕོ་བའི་མཚམས་སུ་གླིང་ཐམས་ཅད་དུ་དགུན་ཉི་ལྡོག་པར་བྱེད་ལ། དེས་ན་རི་རབ་ལ་ཉེ་བའི་ཁྱིམ་རྒྱ་ཆུང་བའི་སར་ཉི་མ་བགྲོད་པ་ན་ཉི་མ་རིང་བ་དང་། མེ་རི་ལ་ཉེ་བའི་ཁྱིམ་རྒྱ་ཆེ་བའི་སར་ཉི་མ་བགྲོད་པ་ན་ཉི་མ་ཐུང་བར་འགྱུར་བ་ཡིན་ཏེ། མེ་རི་ལ་ཉི་མ་ཉེ་བ་ན་མེ་རླུང་གིས་ཉི་མ་ལ་རེག་པས་ན་ཉི་མ་བགྲོད་མགྱོགས་པ་དང་། རི་རབ་ལ་ཉེ་བ་ན་ཉི་མ་ལ་མེ་རླུང་གིས་རེག་པའི་འཕྲུལ་བྱེད་མེད་པས་འགྲོས་དལ། དབྱར་ཉི་མ་འཆར་ བའི་ཁྱིམ་མཐོ་བས་གླིང་གང་ནས་མཐོང་སྔ་ཞིང་ནུབ་འཕྱི་བ་དང་། མེ་ལ་ཉེ་བར་རྒྱུ་ བའི་ཁྱིམ་དེ་དམའ་བས། གླིང་གང་ནས་ཀྱང་མཐོང་འཕྱི་ཞིང་ནུབ་སྔ་བར་སྣང་བ་ཡིན་ཞེས་འདོད་དོ། །ལུགས་འདི་གཙོ་བོ་མཁས་གྲུབ་ཆེན་པོ་འཇམ་དབྱངས་མཚུར་ཕུན་དོན་ གྲུབ་འོད་ཟེར་གྱི་བཞེད་པ་ཡིན་ཞིང། དེའི་རྗེས་སུ་ཟི་ལུང་པ་པཎ་ཆེན་ཤཱཀྱ་མཆོག་ལྡན་གྱིས་ཀྱང་སྐབས་རེ་འགར་འབྲངས་པ་ཡིན་ཞེས་ཀ་རྨ་མི་བསྐྱོད་རྡོ་རྗེས་གསུངས་ སོ། ། ལོ་ཆེན་དྷརྨ་ཤྲཱིས་འདི་ནི་འཕན་ཡུལ་གྲོ་པའི་འདུལ་འཛིན་ཆེན་མོ་དམར་སྟོན་སོགས་ཀྱི་བཞེད་པ་ཡིན་པར་ཡང་གསུངས་སོ།

གོ་ལ་ལྕགས་སྒྲོག་མའི་ལུགས། འདིའི་ལུགས་ལ་《རྨ་བྱ་ཆེན་མོ་》ལས། མཚོན་ཆའི་འཁོར་ལོ་བཞིན་དུ་རྒྱུ།། ཞེས་པའི་ལུང་གི་ལྷོ་བྱང་གི་གླིང་རྣམས་སུ་དབྱར་ནམ་ཡོད་པའི་དུས་ལ་ཤར་ནུབ་ཀྱི་གླིང་རྣམས་སུ་དགུན་ཡོད་པ་དང་། ཤར་ནུབ་ཏུ་སྟོན་ཡོད་པ་ན། ལྷོ་བྱང་དུ་དཔྱིད་ཡོད་པ་དང་། ཤར་ནུབ་ཏུ་དཔྱིད་ཡོད་པ་ན། ལྷོ་བྱང་དུ་སྟོན་ཡོད་པ་དང་། ཤར་ནུབ་དུ་དབྱར་ཡོད་པ་ན། ལྷོ་བྱང་དུ་དགུན་ཡོད་པར་བཞེད། དེ་ཡང་གརྚའི་ཁྱིམ་དུ་ཉི་མ་ཡོད་པའི་ཚེ། ལྷོ་བྱང་གི་གླིང་དུ་དབྱར་ཉི་ལྡོག་ལ། ཤར་ནུབ་ཀྱི་གླིང་དུ་དགུན་ཉི་ལྡོག་ཅིང་ཁྱིམ་དེ་ལྷོ་བྱང་དུ་རི་རབ་ལ་ཉེ་བ་དང་། ཤར་ནུབ་ཏུ་མེ་རི་ལ་ཉེ་བ་མཐར་ཐུག་གོ། འཁྲིག་པ་དང་སེང་གེ་གཉིས་ལ་ཉི་མ་གནས་པའི་ཚེ། ལྷོ་བྱང་གི་གླིང་དུ་དབྱར་ར་ཐ། ཤར་ནུབ་ཏུ་དགུན་ར་ཐའི་དུས་ཀྱི་ཉི་མ་གནས་པའི་ཁྱིམ་ཡིན་པས། ལྷོ་བྱང་དུ་ཀར་ཁྱིམ་རི་རབ་ལ་ཉེ་བའི་ཕྱི་རོལ་དང་། ཤར་ནུབ་ཏུ་ཀར་ཁྱིམ་མེ་རི་ལ་ཉེ་བའི་ནང་ཕྱོགས་ཀྱི་ཆར་བགྲོད་དོ། ། ཆུ་སྲིན་གྱི་ཁྱིམ་དུ་ཉི་མ་གནས་པའི་ཚེ་ཤར་ནུབ་ཀྱི་གླིང་དུ་དབྱར་ཉི་ལྡོག་ཅིང་། ལྷོ་བྱང་གི་གླིང་དུ་དགུན་ཉི་ལྡོག་ལ། ཁྱིམ་དེ་ཤར་ནུབ་ཏུ་རི་རབ་ལ་ཉེ་བ་དང་། ལྷོ་བྱང་དུ་མེ་རི་ལ་ཉེ་བ་མཐར་ཐུག་གོ ། གཞུ་དང་བུམ་པའི་ཁྱིམ་གཉིས་ལ་ཉི་མ་གནས་པའི་ཚེ། ཤར་ནུབ་ཀྱི་གླིང་དུ་དབྱར་ཐ་ར། ལྷོ་བྱང་གི་གླིང་དུ་དགུན་ཐ་རའི་དུས་ཀྱི་ཉི་མ་གནས་པའི་ཁྱིམ་ཡིན་པས། ཤར་ནུབ་ཏུ་ཆུ་སྲིན་གྱི་ཁྱིམ་རི་རབ་ལ་ཉེ་བའི་ཕྱི་རོལ་དང་། ལྷོ་བྱང་དུ་ཆུ་སྲིན་གྱི་ཁྱིམ་དེ་མེ་རི་ལ་ཉེ་བའི་ནང་ཕྱོགས་ཀྱི་ཆར་བགྲོད་དོ། །ལུག་ཁྱིམ་ལ་ཉི་མ་གནས་པའི་ཚེ། ལྷོ་བྱང་གི་གླིང་དུ་དཔྱིད་ འབྲིང་། ཤར་ནུབ་ཀྱི་གླིང་དུ་སྟོན་འབྲིང་གི་དུས་ཡིན་པ་དང་། སྲང་གི་ཁྱིམ་ལ་ཉི་མ་གནས་པའི་ཚེ། ཤར་ནུབ་གྱི་གླིང་དུ་དཔྱིད་འབྲིང་། ལྷོ་བྱང་གི་གླིང་དུ་སྟོན་འབྲིང་གི་དུས་ཡིན་ནོ། །ཁྱིམ་འདི་གཉིས་ཀྱི་རྒྱུ་ལམ་ནི་གཅིག་ཡིན་ཞིང་གླིང་ཐམས་ཅད་དུ་རི་རང་དང་མེ་རིའི་དབུས་དྲང་པོའི་ཟླུམ་སྐོར་དུ་བགྲོད་པ་ཡིན་ ནོ། །བུ་མོ་དང་གླིང་གི་ཁྱིམ་ལ་ཉི་མ་གནས་པའི་ཚེ། ལྷོ་བྱང་གི་གླིང་དུ་དཔྱིད་ཐ་དང་སྟོན་ར། ཤར་ནུབ་ཀྱི་གླིང་དུ་སྟོན་ཐ་དང་དཔྱིད་རའི་དུས་ཡིན་པས་ལྷོ་བྱང་དུ་ལུག་སྲང་གི་རྒྱུ་ལམ་གྱི་ནང་ཕྱོགས་སུ་རྒྱུ་ཞིང་། ཤར་ནུབ་ཏུ་ལུག་སྲང་གི་ཕྱི་རོལ་ཏུ་རྒྱུའོ། ། ཉ་དང་སྡིག་པའི་ཁྱིམ་གཉིས་ལ་ཉི་མ་གནས་པའི་ཚེ། ལྷོ་བྱང་དུ་དཔྱིད་ར་དང་སྟོན་ཐ། ཤར་བྱང་དུ་དཔྱིད་ར་དང་སྟོན་ཐ། ཤར་ནུབ་ཏུ་སྟོན་ར་དང་དཔྱིད་ཐའི་དུས་ཡིན་པས། ལྷོ་བྱང་དུ་ལུག་སྲང་གི་རྒྱུ་ལམ་གྱི་ཕྱི་རོལ་དང་། ཤར་ནུབ་ཏུ་ལུག་སྲང་གི་ནང་ཕྱོགས་སུ་རྒྱུའོ། ། ཁྱིམ་བཅུ་གཉིས་དུས་གཅིག་ཏུ་དུམ་བུ་བཅུ་གཉིས་སུ་ནམ་མཁར་བཀོད་པ་ན། བྱང་གླིང་དབུས་མའི་ནམ་མཁར་རི་རབ་ལ་ཉེ་བར་ཀར་ཁྱིམ། དེའི་ཕྱི་རོལ་ཏུ་བྱང་གླིང་ཤར་མའི་ནམ་མཁར་སེང་གེ། དེའི་ཕྱི་ཕྱེད་ ཕན་དུ་ནུབ་གླིང་ནུབ་མའི་ནམ་མཁར་བུ་མོ། དེའི་ནང་རི་རབ་དང་མེ་རིའི་དབུས་དྲང་ པོའི་ནུབ་གླིང་དབུས་མའི་ནམ་མཁར་སྲང་། དེའི་ནང་ནུབ་གླིང་ཤར་མའི་ནམ་མཁར་སྡིག་ པ། དེའི་ཕྱི་ནང་མའི་ནང་ཚུན་དུ་ལྷོ་གླིང་ནུབ་མའི་ནམ་མཁར་གཞུ། དེའི་ཕྱི་མཐར་ལྷོ་གླིང་དབུས་མའི་ནམ་མཁར་ཆུ་སྲིན། དེའི་ནང་མཐར་ལྷོ་གླིང་ཤར་མའི་ནམ་མཁར་བུམ་པ། དེའི་ཕྱེད་ཕྱི་ཕན་དུ་ཤར་གླིང་ནུབ་མའི་ནམ་མཁར་ཉ།དེའི་ཕྱི་མཐར་ལྷོ་གླིང་དབུས་མའི་ནམ་མཁར་ལུག དེའི་ཕྱིར་མཐར་གླིང་ཤར་མའི་ནམ་མཁར་གླང། དེའི་ནང་ཚུན་དུ་བྱང་གླིང་ནུབ་མའི་ནམ་མཁར་ འཁྲིག་ཁྱིམ་གནས་སོ། །དེ་ཡང་སོ་སོར་རྒྱུ་བ་ན་སྔར་བཤད་པ་ལྟར། ཆུ་སྲིན་དང་ཀརྚའི་ཁྱིམ་གཉིས་རྒྱུ་ལམ་གཞན་དང་ཐུན་མོང་མིན་པར་སོ་སོར་རྒྱུ་ཞིང་། གཞན་ ལ་འཁྲིག་སེང་གཉིས། གླང་དང་བུ་མོ་གཉིས། ལུག་དང་སྲང་གཉིས། ཉ་དང་སྡིག་པ་གཉིས། གཞུ་དང་བུམ་པ་རྣམ་པ་གཉིས་གཉིས་རེ་རྒྱུ་ལམ་ཐུན་མོང་བ་རེ་ལ་རྒྱུ་བས་ ཁྱིམ་བཅུ་ལ་རྒྱུ་ལམ་ལྔ་དང་། ཆུ་སྲིན་དང་ཀརྚའི་ རྒྱུ་ལམ་གཉིས་བཅས་རྒྱུ་ལམ་བདུན་ཡོད་པར་འདོད་དོ། ལུགས་འདི་ནི་འཕན་ཡུལ་དུ་གྲུབ་མཆོག་བརྙེས་པའི་སྒོམ་པ་དཀོན་མཆོག་སྲུང་གི་ཐུགས་ལ་འཁྲུངས་ཤིང་། དེ་དང་མཐུན་པར་མཆིམས་ནམ་མཁའ་གྲགས་ཀྱིས་ཀྱང་བཞེད། ཕྱི་མའི་དུས་ཟི་ལུང་ཤཱཀྱ་མཆོག་ལྡན་ཆེན་པོས་ཀྱང་དེ་དང་ཕྱོགས་མཐུན་དུ་སྨྲ་བར་ཞེས་ཀརྨ་མི་བསྐྱོད་རྡོ་རྗེས་གསུངས་སོ། །ལོ་ཆེན་དྷརྨ་ཤཱི《རྣམ་འགྲེལ་གསེར་ཤིང་》དུ་སྣར་ཐང་པ་སོགས་ཀྱིས་ལུགས་འདི་བཞེད་ཅེས་འབྱུང་ངོ། །

གོ་ལ་དྲུ་འཛིངས་མའི་ལུགས། དུས་ཕྱིས་བོད་ཀྱི་རྩིས་རིག་སྨྲ་བའི་དབང་པོ་རྣམས་ནི་ལུགས་འདི་ཁོ་ན་བཞེད་མཁན་མང་ཞིང་འདིའི་ལུགས་ལ་གླིང་བཞི་ཀུན་ཏུ་དུས་བཞི་འཁོར་བར་འདོད་དོ། །འདི་ལའང་ནང་གསེས་ བཞེད་པ་མི་འདྲ་བ་གསུམ་བྱུང་བ་ནི། མཁའ་ལ་སྐར་ཁྱིམ་གྱི་གོ་ལ་དང་ས་ལ་དུས་བཞི་ གཉིས་ཀ་གཡོན་བསྐོར་ཁོ་ན་འདོད་པ་དང་། དུས་བཞི་གཡོན་བསྐོར་དང་ཁྱིམ་ནི་གཡས་སུ་འཁོར་བར་འདོད་པ། གནམ་སའི་གོ་ལ་གཉིས་ཀ་གཡས་སུ་འཁོར་བར་འདོད་པ་བཅས་གསུམ་ཡིན་ཞིང་། རྗེས་སོར་མཁས་པ་ཕལ་ཆེར་གྱིས་གནམ་སའི་གོ་ལ་གཉིས་ཀ་གཡས་བསྐོར་དུ་འདོད་པའི་ལུགས་འདི་ཁོ་ན་བཞེད་པ་སྣང་ངོ་། འདིའི་ལུགས་ལ། གོ་ལ་ལེབ་ཆགས་གཅིག་གི་སྟེང་ན་ཁྱིམ་བཅུ་གཉིས་ཕྲེང་བ་བཞིན་དུ་བསྒྲིགས་པ་མ་ཡིན་ལ། གོ་ལ་བཅུ་གཉིས་པོ་ནང་ནས་ཕྱིར་མུ་ཁྱུད་བཞིན་དུ་རིམ་པར་ཡོད་པའམ་སྟེང་ནས་སྟེང་དུ་རྨོག་བརྩེགས་པ་ལྟ་བུ་མ་ཡིན་པར། དྲུ་གུ་འཛིངས་པ་བཞིན་དུ་ཁྱིམ་བཅུ་གཉིས་པོ་སོ་སོ་ནས་ལྷས་མ་ལྟ་བུར་ཕན་ཚུན་སྟེང་འོག་ཏུ་འཛིངས་པར་ཡོད་པར་འདོད་པས་ན་དྲུ་འཛིངས་མའི་ལུགས་ཞེས་བརྗོད་དོ། །ལ་ལར། གྲུ་འཛིངས་མའི་ལུགས་སམ། གྲུ་ཆགས་མའི་ལུགས་ཞེས་ཀྱང་འབྱུང་མོད་ཚིག་དོན་འབྲེལ་དཀའ། འདིའི་ལུགས་ཀྱི་ཁྱིམ་བཅུ་གཉིས་ཀྱི་ཐིག་ནི། 《རྩིས་ཀྱི་མན་ངག་ཉིན་བྱེད་སྣང་བ》ལས། གླིང་རྣམས་ཀུན་གྱི་ནང་མཐའ་ཡི། །ཟླུམ་ཐུག་སོ་སོའི་དབུས་དྲང་སྟེང་། །བཟུང་སྟེ་དུམ་ བུ་བདུན་པ་ཡི། །ཕྱེད་མཚམས་ནས་བསྐོར་རང་རང་གི །ལྷོ་བགྲོད་གཞན་ཕྱོག་བྱང་ བགྲོད་དང་། །ཕན་ཚུན་དཔྱིད་སྟོན་མཉམ་པ་སྟེ། །དེ་བཞིན་བསྐོར་ཐེངས་བཅུ་གཉིས་ ཀྱིས། །ཁྱིམ་ཟླ་བཅུ་གཉིས་འཁོར་ཚུལ་སྟོན། ཞེས་འབྱུང་བ་ལྟར། དེ་འདྲའི་ཟླུམ་ལེབ་ཀྱི་ཐིག་བཅུ་གཉིས་གདུ་བུ་བཞིན་དུ་རི་རབ་ཀྱི་མགུལ་བར་བསྐོན་ནས་ལྷོ་རུ་མེ་རིའི་ཕྱོགས་སུ་དཔྱངས་པ་བཅུ་གཉིས་པོ་རྟག་པར་རྒྱུན་དུ་འགྲོས་མཉམ་པར་གཡས་སུ་འཁོར་བ་ཡིན་ལ། ཟླུམ་ལེབ་བཅུ་གཉིས་པོའི་རེ་རེ་ཡང་ཁྱུད་སྐོར་དུ་དུམ་བུ་བཅུ་གཉིས་སུ་བགོས་པའི་ཆ་གཅིག་ལ་གཟའ་དགུ་པོའི་རྒྱུ་ལམ་རྒྱུ་སྐར་ཉེར་བདུན་གྱིས་ཚད་ཀྱི་རྐང་པ་ཡོད་ཅིང་། ཆ་གཞན་བཅུ་གཅིག་པོ་སྐར་མ་ཕལ་པ་མང་པོས་གང་བའི་གནས་ཡིན་ནོ། །དེ་ལྟར་ཁྱིམ་ཟླུམ་སྐོར་བཅུ་གཉིས་པོ་སོ་སོ་ནས་དྲུ་གུ་འཛིངས་པ་ལྟར་གནས་ཤིང་རྟག་པར་གཡས་ སུ་འཁོར་ཡང་། དེ་ཐམས་ཅན་ཀྱི་རླུང་འགྲོས་ལ་མགྱོགས་བུལ་གྱི་ཁྱད་ཅུང་ཟད་མེད་པར་རྟག་ཏུ་མཉམ་པས། རྒྱུ་སྐར་རྐང་པ་ཡོད་པ་གཟའ་ཡི་རྒྱུ་ལམ་གྱི་ཆ་དེ་རྣམས་རྟག་ཏུ་གཅིག་རྗེས་གཅིག་མཐུད་ལུ་གུ་རྒྱུད་དུ་མི་འབྲལ་བར་འཁོར་བ་དེ་ཁོ་ན་གཟའ་བཅུ་པོ་དལ་མྱུར་གྱི་རྐང་པའི་རང་འགྲོས་ཀྱིས་རྒྱུ་སྐར་ནས་རྒྱུ་སྐར་དང་ཁྱིམ་ནས་ཁྱིམ་དུ་འཕོ་ཞིང་རྒྱུའོ། །དེ་ཡང་འདི་ལྟར་ལྷུན་པོའི་ཕྱོགས་ཀྱི་ཆ་ཐམས་ཅད་དུ་ཁྱིམ་གྱི་འཁོར་ལོ་འཁོར་བའི་དབང་གིས་དུམ་བུ་སོ་སོའི་མེ་ལ་རེག་པ་ཡིན་པ་དེ་ནི་མདུན་ཐད་ཀྱི་སའི་དུམ་བུ་བདུན་པའི་ཕྱོགས་སུ་བགྲོད་པ་ཐོབ་པ་ན་ལྷུན་པོའི་རྭ་ལ་རེག་ཅིང་གངས་ཀྱི་རིའི་སྟེང་དུ་འགྲོའོ་ཞེས་པའི་རིགས་པས་ཉི་མ་ཁྱིམ་སོ་སོར་གནས་པའི་དབང་གིས་དཔྱིད་ལ་སོགས་པའི་དུས་ཀྱི་ཚོགས་མཐའ་དག་འབྱུང་བར་རིག་པར་བྱ་སྟེ། ལྷོ་ གླིང་དབུས་མ་ལ་མཚོན་ན་ལུག་ཁྱིམ་ལ་ཉི་མ་གནས་པས་གླིང་འདིར་དཔྱིད་ཀྱི་དུས་ས་ གའི་ཟླ་བ་བྱེད་དོ། །ས་གའི་ཟླ་བ་དེ་ནི་རང་རེའི་དཔྱིད་ཐ་ཆུང་ཡིན་ཡང་མདུན་གྱི་གླིང་བདུན་པ་བྱང་གླིང་དབུས་མར་སྨིན་དྲུག་གི་ཟླ་བ་སྟོན་ཐ་ཆུང་གི་དུས་འཆར་རོ། །དེ་བཞིན་དུ་ཉི་མ་ལུག་ཁྱིམ་ལ་གནས་ཚེ་གླིང་འདི་ཉིད་ནས་གཡོན་སྐོར་གྱིས་བརྩིས་པའི་དུམ་བུ་གཉིས་པ་གླིང་འདིའི་ཕྱོགས་ བཞིའི་དབང་དུ་བྱས་པའི་རི་རབ་ཀྱི་ཤར་ལྷོའི་ཟུར་ན་གནས་པ་ལྷོ་གླིང་ཤར་མ་དབྱར་ར་བ་བ་སྣྲོན་གྱི་ཟླ་བ་འཆར། དུམ་བུ་གསུམ་པ་ཤར་གླིང་ནུབ་མ་མེའི་ཟུར་གྱི་ཕྱེད་གཞན་པ་ལ་དབྱར་འབྲིང་པོ་ཆུ་སྟོད་ཀྱི་ཟླ་བ་བྱེད་དོ། །དུམ་བུ་བཞི་པ་ཤར་གླིང་དབུས་མ་ལུས་འཕགས་པོའི་གླིང་དུ་ནི་དབྱར་ཐ་ཆུང་གྲོ་བཞིན་གྱི་ཟླ་བ་བྱེད་དོ། །དུམ་བུ་ལྔ་པ་རི་རབ་ཀྱི་བྱང་ཤར་གྱི་ཕྱེད་ཀྱི་དུམ་བུ་ལ་གནས་པ་ཤར་གླིང་མ་དེར་སྟོན་ར་བ་ཁྲུམས་སྟོད་ཀྱི་ཟླ་བ་བྱེད་དོ། །དུམ་བུ་དྲུག་པ་དབང་ ལྡན་གྱི་ཟུར་ཕྱེད་ལ་གནས་པ་བྱང་གླིང་ནུབ་མར་སྟོན་འབྲིང་ཐ་སྐར་གྱི་ཟླ་བ་བྱེད་དོ། །དུམ་བུ་བདུན་པ་བྱང་གླིང་དབུས་མ་སྒྲ་མི་སྙན་ལ་སྟོན་ཐ་ཆུང་སྨིན་དྲུག་གི་ཟླ་བ་བྱེད་དོ། །དུམ་བུ་བརྒྱད་པ་རླུང་གི་ཟུར་ཕྱེད་བྱང་གླིང་ཤར་མར་དགུན་ར་བ་མགོའི་ཟླ་བ་བྱེད་དོ། །དུམ་བུ་དགུ་པ་རླུང་གི་ཕྱེད་གཞན་ལ་གནས་པ་ནུབ་གླིང་ནུབ་མར་དགུན་འབྲིང་རྒྱལ་གྱི་ཟླ་བ་བྱེད་དོ། །དུམ་བཅུ་པ་ནུབ་གླིང་དབུས་མ་བ་ལང་སྤྱོད་དུ་དགུན་ཐ་ཆུང་མཆུའི་ཟླ་བ་བྱེད་དོ། དུམ་བུ་བཅུ་གཅིག་པ་བདེན་བྲལ་གྱི་ ཟུར་ཕྱེད་ནུབ་གླིང་ཤར་མར་དཔྱིད་ར་བ་དབོའི་ཟླ་བ་བྱེད་དོ། །དུམ་བུ་བཅུ་གཉིས་པ་ལྷོ་གླིང་ནུབ་མ་སྲིན་པོའི་ཟུར་ཕྱེད་གཞན་ལ་གནས་པ་དེར་དཔྱིད་འབྲིང་པོ་ནག་པའི་ཟླ་བ་བྱེད་དོ། །དེ་ལྟར་དུམ་བུ་སོ་སོར་ཟླ་བ་གསུམ་གསུམ་དུས་གཅིག་ཏུ་བརྩིས་པའི་དུས་བཞི་དང་། ཟླ་བ་གཉིས་གཉིས་དུས་གཅིག་ཏུ་བརྩིས་པའི་དུས་དྲུག ཟླ་བ་བཅུ་གཉིས། ཕྱོགས་ཉི་ཤུ་རྩ་བཞི་རྣམས་ས་དུམ་བུ་བཅུ་གཉིས་ལ་འཁོར་རྣམ་པས་འཁོར་བར་བཞེད་དོ། །གླིང་འདིར་ལུག་གི་ཁྱིམ་ལ་ཉི་མ་གནས་པས་དཔྱིད་ཐ་ཆུང་གང་ཡིན་པའི་དུས་དེ་ནི་ཉི་ཁྱིམ་འཕོ་བའི་ཚེ་གཡས་སྐོར་གྱིས་ལྷོ་གླིང་ནུབ་མ་རྔ་ཡབ་ ཏུ་འགྲོ་ཞིང་། ལྷོ་གླིང་ཤར་མའི་དབྱར་ར་བ་དེ་གླིང་འདིར་འཕོ་བ་དེ་ལྟར་ཟླ་བ་བཅུ་གཉིས་དུས་བཞི་སོགས་ཐམས་ཅད་གཡས་བསྐོར་གྱིས་ས་དུམ་བུ་བཅུ་གཉིས་སུ་རིམ་བཞིན་འཁོར་བར་འདོད་དོ། ། ལུགས་འདི་ནི་བུ་སྟོན་རིན་ཆེན་གྲུབ་དང་། ཀརྨ་རང་བྱུང་རྡོ་རྗེ། ཕུག་པ་རྒྱ་མཚོ་རྣམ་གསུམ། དཔའ་བོ་གཙུག་ལག་ཕྲེང་བ། ལོ་ཆེན་དྷརྨ་ཤྲཱི། སུམ་པ་ཡེ་ཤེས་དཔལ་འབྱོར། སྡེ་སྲིད་སངས་རྒྱས་རྒྱ་མཚོ། ཕྱག་མཛོད་གསུང་རབ་། བྲག་དགོན་བསྟན་པ་རབ་རྒྱས། འཇུ་མི་ཕམ་འཇམ་དབྱངས་རྣམ་རྒྱལ་རྒྱ་མཚོ། གསེར་ཏོག་བློ་བཟང་ཚུལ་ཁྲིམས་སོགས་མཁས་པ་མང་དག་ཅིག་གིས་བཞེད་དོ།། ཞེས་བོད་ལྗོངས་སྨན་རྩིས་ཁང་གི་བྱམས་པ་འཕྲིན་ལས་ཀྱིས་སྤེལ། ཡོང་ཁུངས་དྲ་ངོས་ཡིན།